ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པ་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དཔེ་མཚོན་གྱི་ཉེས་གསོག་ཡིན་ལ་དེར་ཚད་མཐོའི་ཉེན་ཁའི་རང་བཞིན་ལྡན་པ་དང་ཧ་ཅང་འབྱུང་སླ་བའི་ལས་འཛོལ་ཚབས་ཆེན་ཞིག་ཡིན་པ། དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱས་པའི་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞིའི་གྲངས་ལོ་རེ་ལས་མ་འདས་པར་འཕར་སྣོན་འགྲོ་བཞིན་ཡོད་དེ།2018ལོར་བདག་སྤྲོད་བྱས་པའི་གྱོད་གཞིའི་ནང་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞི་གཅིག་ཀྱང་ལྷག་མེད། 2019ལོར་གྱོད་གཞི་ཁག་61བདག་སྤྲོད་བྱས་པ་དང་། 2020ལོའི་ཟླ་བ་6པའི་ཚེས་14ཉིན་བར་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞི་ཁག་73བདག་སྤྲོད་བྱས་ཡོད། གྱོད་དོན་དེའི་རིགས་ལོ་འདིའི་ནང་གསར་དུ་བདག་སྤྲོད་བྱས་པའི་ཉེས་དོན་གྱོད་གཞིའི་63.48%ཟིན་ཡོད། དེ་ནི་ལོ་གོང་མ་དང་བསྡུར་ན་1725%འཕར་སྣོན་བྱུང་བ་མ་ཟད་ དེའི་ནང་རྒྱལ་ཁབ་གཞུང་ཞབས་པས་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞི་ཁག་9དང་མི་སྣ་9ཟིན་ཡོད། དེར་བརྟེན་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞི་འདི་ཉེ་བའི་ལོ་གཅིག་གི་ནང་རང་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཉེས་དོན་གྱོད་གཞིའི་ཁྲོད་བརྒྱ་ཆ་ཟིན་ཚད་མཐོ་ཤོས་ཀྱི་གྱོད་དོན་གྲས་ཞིག་ཡིན་ལ་ལོ་རེ་བཞིན་འཕར་སྣོན་འགྲོ་བའི་གནས་བབ་དེ་དགའ་འོས་པ་ཞིག་མ་ཡིན།
དཔེ་མཚོན་གྱི་གྱོད་དཔེ་དང་པོ།
2019ལོའི་ཟླ་བ་3པར་ལས་ཁུངས་ག་གེ་མོ་ཞིག་གི་ལས་བྱེད་པ་ཀྲའོ་ག་གེ་མོ་ར་བཟི་ནས་མི་བཞུགས་རླངས་འཁོར་ཆུང་གྲས་ཞིག་བཏང་སྟེ་བསྐྱོད་སྐབས་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་རྡུང་ཁ་ཤོར་རྐྱེན་རླངས་འཁོར་གཉིས་པོ་ཆག་སྐྱོན་ཤོར་བའི་འགྲིམ་འགྲུལ་དོན་རྐྱེན་ཞིག་བཟོས་ཡོད། ཀྲའོ་ག་གེ་མོའི་ཁྲག་འཐེན་མ་དཔེར་བརྟག་དཔྱད་བྱས་པ་བརྒྱུད་ཁོ་པའི་ཁྲག་ནང་ཆང་བཅུད་གར་ཚད་ཧའོ་ཧྲེང་100ནང་ཧའོ་ཁེ་293.45ཟིན་ཡོད་པར་བརྟེན་ར་བཟི་ནས་རླངས་འཁོར་བཏང་བའི་བྱ་སྤྱོད་ཁོངས་སུ་གཏོགས། ངེད་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་འདྲི་ཞིབ་བྱས་པ་བརྒྱུད་གྱོད་ཡ་ཀྲའོ་ག་གེ་མོར་བཙན་ཉར་ལས་བསྐུལ་ཟླ་བ་4དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་5ཆབས་སྦྲགས་སུ་དངུལ་ཆད་མི་དམངས་ཤོག་སྒོར་3000གི་དཔྱད་མཚམས་དཔྱད་ཡོད། དཔྱད་མཚམས་རྩིས་འགྲོ་བྱུང་རྗེས་《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པའི་ཆད་གཅོད་སྲོལ་ཡིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》གི་གཏན་འབེབས་གཞིར་བཟུང་གྱོད་ཡ་ཀྲའོ་ག་གེ་མོ་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་གཞུང་ཞབས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་ཡོད།
དཔེ་མཚོན་གྱི་གྱོད་དཔེ་གཉིས་པ།
2019ལོར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞི་ཁག་19གཅིག་སྡུད་ཀྱིས་འདྲི་ཞིབ་དང་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ཡོད་ཅིང་གྱོད་ཡ་སོ་སོའི་ཁྲག་ནང་ཆང་བཅུད་གར་ཚད་ཧའོ་ཧྲེང་100ནང་ཧའོ་ཁེ་88.07ནས་ཧའོ་ཧྲེང་100ནང་ཧའོ་ཁེ་277.47བར་གྱི་གར་ཚད་མི་འདྲ་བ་ཟིན་ཡོད། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་གྱོད་ཡ་སོ་སོའི་ཆང་རག་གར་ཚད་མི་འདྲ་བ་དང་ཉེས་བསགས་དོན་དངོས། དེ་བཞིན་ཁྲིམས་ནང་ཚུད་རྗེས་ཀྱི་རྣམ་འགྱུར་བཅས་ལ་བརྟེན་ནས་གྱོད་ཡ་སོ་སོར་བཙན་ཉར་ལས་བསྐུལ་ཟླ་བ་3ནས་ཟླ་བ་4བར་གྱི་ཁྲིམས་ཆད་མི་འདྲ་བ་དཔྱད་ཡོད་ལ་ཆབས་སྦྲགས་སུ་དངུལ་ཆད་མི་དམངས་ཤོག་སྒོར་2000ནས་3000བར་བཏང་ཡོད།
ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་དོན་གྲངས་ལོ་རེ་ལས་མང་དུ་འགྲོ་བའི་གནས་བབ་ལ་དམིགས་ནས། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་གོང་རིམ་ཁྲིམས་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་“སུས་ཁྲིམས་བེད་སྤྱོད་བྱས་ན་དེས་ཁྲིམས་ཁྱབ་གདལ་གཏོང་བའི་ལམ་ལུགས་”གཞིར་བཟུང་། དེང་སྐབས་ཐོན་མང་བའི་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞིའི་ཁྱད་ཆོས་ལ་གཞིགས་ཏེ་ནག་ཉེས་དང་ཆད་གཅོད་དང་ལེན་གྱི་གུ་ཡངས་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཡོད་ཤིང་། “སྟབས་བདེའི་གྱོད་གཞི་མྱུར་གཅོད་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ཞིབ་པར་གཅོད་པའི”བླང་བྱ་ལག་ལེན་ནན་ཏན་བྱས་ཐོག་ཧུར་བརྩོན་ཆེན་པོས་མྱུར་གཅོད་གོ་རིམ་སྤྱད་དེ་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་གྱོད་གཞིར་ཆད་གཅོད་ནན་པོ་བྱེད་པ་མ་ཟད་རྒྱུན་མཐུད་ནས་གཅིག་སྡུད་འདྲི་ཞིབ་བྱས་ཏེ་ཁྲིམས་ལུགས་ཀྱི་ཟིལ་ཤུགས་དང་སྔོན་འགོག་ནུས་པ་ཐོན་ཐུབ་པ་བྱེད་དགོས། དུས་མཚུངས་སུ་གནད་འགག་ཆེ་བའི་གྱོད་གཞི་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་བདེ་འཇགས་ངང་རླངས་འཁོར་གཏོང་བར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་མཐའ་གཅིག་ཏུ་ཁྲིམས་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་བྱས་ཏེ་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་རྗེས་རླངས་འཁོར་གཏོང་བའི་གོམས་གཤིས་ངན་པ་མཐའ་གཅིག་ཏུ་དོར་ཏེ་ཐུན་མོང་ཐོག་དུས་བདེའི་བསམ་གྲུབ་རྩེའི་བསྐྲུན་པའི་ལས་ལ་ཞུགས་ཏེ་དམངས་ཡོངས་ཀྱིས་ཁྲིམས་ཤེས་པ་དང་མི་ཚང་མས་ཁྲིམས་སྲུང་བ། ཆང་རག་བཏུང་རྗེས་རླངས་འཁོར་མི་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་གཏོད་དགོས།
འགྲོ་ལམ་ཧ་ཅང་མང་ན་ཡང་། ཚེ་འདེར་ཚེ་སྲོག་གཅིག་ལས་མེད། ཆང་རག་ཐིགས་པ་གཅིག་གིས། སྙིང་ཉེ་སྡུག་བསྔལ་རྒྱ་རུ་ཚུད། ཞེས་པ་ལྟར་ཉེན་ཁའི་ངང་འཕྲུལ་འཁོར་བཏང་ནས་ཉེས་པ་བསགས་པའི་བྱ་སྤྱོད་དེ་2011ལོར་ཉེས་ཁྲིམས་ནང་ཚུད་པ་ནས་བཟུང་ར་བཟི་ནས་རླངས་འཁོར་བཏང་ཚེ་ཁ་ལོ་བའི་ལག་འཁྱེར་རྩིས་མེད་དུ་གཏོང་བ་མ་ཟད་ད་དུང་ཉེས་ཁྲིམས་ཀྱི་ཆད་པ་འཁེལ་དགོས། གལ་སྲིད་གཞུང་གི་ལས་བྱེད་པ་ཡིན་ཚེ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བས། ང་ཚོས་ཆང་རག་བཏུང་རྗེས་སྔར་བཞིན་རླངས་འཁོར་བཏང་སྟེ་རང་ཉིད་དང་མི་གཞན་གྱི་ལུས་ཁམས་བདེ་འཇགས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ལྷག་པར་དུ་དེང་དུས་ནི་གླིང་ཁ་གཏོང་བཞིན་པའི་དུས་ཚིགས་ཡིན་པས་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཆེད་དུ་རླངས་འཁོར་གཏོང་ཚེ་ཆང་རག་མི་འཐུང་བ་དང་ཆང་རག་བཏུང་ཚེ་རླངས་འཁོར་མི་གཏོང་བའི་དམ་བཅའ་སེམས་ལ་བརྟན་པོར་ངེས་ནས་ཤེས་བཞིན་དུ་ཁྲིམས་འགལ་མི་བྱེད་པ་དང་རང་ཉིད་དང་མི་གཞན་ཉེན་ཁའི་གནས་སུ་མ་བཞག་པར་ཐུན་མོང་ཐོག་དུས་བདེ་བསྐྲུན་དགོས།